ཕྱག་འཚལ་སྟངས་སྐོར། དམ་ཆོས་བདུད་རྩི། ढोग गर्ने तरिका बौद्ध अनुसार ढोग गर्ने दुई तरिका छन्।

Поделиться
HTML-код
  • Опубликовано: 2 ноя 2024
  • ཕྱག་འཚལ་བའི་སྐོར་གྱི་དྲི་བ།
    དྲི་བ། ཕྱག་འཚལ་སྟངས་འདྲ་མིན་ཇི་ལྟར་ཡོད་ལགས། ལན། སྤྱིར་ནང་པ་སངས་རྒྱས་པའི་ལུགས་གཅིག་པུ་ལའང་ཕྱག་འཚལ་སྟངས་འདྲ་མིན་སྣ་ཚོགས་སུ་ཡོད་པར་མངོན་ཡང་། བོད་ཀྱི་མཁས་དབང་དམ་པ་རྣམས་ཀྱིས་ཡོངས་གྲགས་བསྐུམ་ཕྱག་དང་བརྐྱང་ཕྱག་གཉིས་ཙམ་དུ་གསུངས། དེ་ལ་བསྐུམ་ཕྱག་ནི། པུས་མོ་གཉིས། ལག་མཐིལ་གཉིས། དཔྲལ་བ་བཅས་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་བ་ལ་བརྗོད། དེའི་དགོས་དོན་ཡང་། ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ་གྱི་གསུང་(ཇ༽སྦྱོར་ཆོས་འགྲེལ་པ་༥༥ན༤)དུ། ཕུང་བོ་གསུམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་མཉམ་པ་ཉིད་ལ་འཇུག་ཅིང་ཡན་ལག་ལྔ་ས་ལ་གཏུགས་པར་བྱ་སྟེ། པུས་མོ་གཡས་པ་ས་ལ་འཛུགས་པའི་ཚེ་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་འཇུག་པར་གྱུར་ཅིག་ཅེས་བརྗོད་དོ། ། གཡོན་པ་འཛུགས་ཚེ། སེམས་ཅན་སུ་དག་གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་དེ་ཐམས་ཅད་འཕགས་པའི་ལམ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག ། ཅེས་སོ། ། ལག་པ་གཡས་པ་འཛུགས་པའི་ཚེ་ཇི་ལྟར་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་བཞུགས་པ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པས་དབུ་དང་སྐུ་སྐྱིལ་མོ་ཀྲུང་ལ་བཞུགས་ཏེ་ཕྱག་གཡས་པ་ས་ལ་བསྣུན་ནས་བདུད་དཔུང་དང་བཅས་བཏུལ་ཞིང་། བྱང་ཆུབ་བརྙེས་པ་ལྟར་སེམས་ཅན་འདི་དག་གིས་ཀྱང་བདུད་ཕྱིར་རྒོལ་བ་ཆོམས་པར་གྱུར་ཅིག ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ས་ལ་བསྣུན་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག ། ལག་གཡོན་འཛུགས་པའི་ཚེ་སེམས་ཅན་སུ་དག་བྱིས་པའི་ཆོས་ལ་གནས་ཏེ་གཡོན་ཕྱོགས་སུ་འཛིན་པ། གདུལ་དཀའ་བ་དེ་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག ། གདོང་པ་དང་དཔྲལ་བ་ས་ལ་གཏུགས་པའི་ཚེ་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པས་བླ་མ་རྣམས་ལ་རིམ་གྲོ་བགྱིད་ཅིང་སྤྱི་གཙུག་ལྟར་མི་མཐོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཀྱིས་འཕགས་པར་གྱུར་ཅིག ། དེ་དག་བདག་གི་ཡན་ལག་ལྔས་ཕྱག་འཚལ་བ་འདིས། སེམས་ཅན་ཐམས་ཅད་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག ། དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག ། མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག ། ཅེས་སོགས་དྲངས་པའི་དོན་ལྟར་གོ་དགོས་པར་སེམས། བརྐྱང་ཕྱག་ནི། ལུས་རྫོགས་པར་ཤིང་སྡོང་འགྱེལ་བ་ལྟར་ཁ་སྦུབ་ཏུ་ས་ལ་ཕབ་ཅིང་། ལག་པ་གཉིས་ཐད་ཀར་བརྐྱངས་ཏེ་མགོའི་ཐད་དུ་ཐལ་མོ་སྦྱར་བ་དང་དུས་མཉམ་དུ་དཔྲལ་བའང་ས་ལ་གཏུགས་པའི་ཕྱག་འཚལ་ཚུལ་དེ་ལ་བརྗོད། དེ་ཡང་ཤིང་སྡོང་ས་ལ་འགྱེལ་བ་ལྟ་བུ་བྱེད་པ་འདིས་སྡིག་པ་ལ་འགྱོད་པ་དྲག་པོ་ཡོད་པའི་རྣམ་འགྱུར་མཚོན་པའམ། ང་རྒྱལ་གྱི་རི་བོ་ས་ལ་བསྙིལ་བ་ཞེས་པ་ལྟ་བུར་གོ་དགོས་པ་ཨེ་ཡིན་སྙམ། དྲི་བ། ཕྱག་འཚལ་དུས་དམིགས་བསལ་བསམ་བློ་གང་འདྲ་ཞིག་གཏང་དགོས་སམ། ལན། དེ་ལ་ཕྱག་འཚལ་ཞེས་པའི་ཚིག་གི་དོན་དང་མཐུན་ངེས་ཤིག་བྱ་བའི་དབང་དུ་བྱས་ན་ནི་གང་ལ་ཕྱག་བྱ་བའི་ཡུལ་དེ་ཉིད་སྐྱབས་གནས་དམ་པར་ཡིད་ཆེས་ཐོག་དེ་ལ་བདག་གི་སྒོ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཁྱེད་རང་ཕྱག་ཏུ་བཞག་རྒྱུ་ཡིན་ལགས་ན། འཕྲལ་ཕུགས་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཅིར་འགྱུར་ཡང་ཁྱེད་རང་མཁྱེན་སྙམ་པ་ཞིག་དགོས་པ་འདྲ། ཡང་ཕྱག་ཅེས་པ་སྡིག་སྒྲིབ་བྱང་བ་དང་། འཚལ་ཞེས་པ་ཡོན་ཏན་འདོད་པའི་དོན་དུ་གོ་བར་ལྟར་ན། སྒོ་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་དག་ཏུ་གསོལ་ཞེས་བསམས་ཤིང་སྨོན་དགོས་པར་སེམས། དྲི་བ། ཕྱག་འཚལ་དུས་ཅི་འདོན་དགོས་ལགས། ལན། སྤྱིར་ཕྱག་བྱ་བའི་ཡུལ་སོ་སོ་ལ་བརྟེན་པའི་བསྟོད་བསྔགས་གསོལ་འདེབས་དང་། ཕྱག་འཚལ་བའི་ཚིག་འདྲ་མིན་ཡོད་པ་དང་། དེ་བཞིན་གཟུངས་སྔགས་ཀྱི་རིགས་ཡིག་བརྒྱ་སོགས་རང་གི་བློ་ནུས་དང་བསྟུན་ནས་འདོན་རྒྱུར། ཕྱག་གྲངས་གསོག་སྐབས་སུ་ཐོག་མར་ཕྱག་འཕེལ་འགྱུར་གྱི་སྔགས ། ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟམ་ཤྲཱི་ཡེ་སྭཧྭ། ཞེས་པ་འདི་བཞིན་ཚར་འགའ་ཞིག་འདོན་དགོས། གནད་བསྡུས་ན། ཕྱག་འཚལ་ཡུལ་དེ་སྐྱབས་གནས་ཀུན་འདུས་སུ་མོས་ལ། ཡོངས་གྲགས་ལྟར་སངས་རྒྱས་ཆོས་ཚོགས་མའམ། སྐྱབས་འགྲོ་བཞི་བསྐོར་རང་འདོན་ན་འགྲིག་ངེས། དྲི་བ། ཕྱག་མང་པོ་འཚལ་ན་དགོས་པ་གང་ཡོད་ལགས། ལན། རང་གཞན་སུ་ཡིན་རུང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་མཚུངས། བདེ་སྐྱིད་ཡོང་བ་ལ་བསོད་ནམས་བསག་དགོས། སྡུག་བསྔལ་སེལ་བ་ལ་སྡིག་སྒྲིབ་སྦྱང་དགོས། དེས་ན་བསོད་ནམས་མང་པོ་བསག་པ་དང་སྡིག་སྒྲིབ་མང་པོ་སྦྱང་བའི་དོན་དུ་ཕྱག་མང་པོ་འཚལ་དགོས་པར་གསུངས། དྲི་བ། ཕྱག་ག་དུས་འཚལ་དགོས། ཅིའི་དོན་དུ་འཚལ་དགོས་ལགས། ལན། དུས་རྒྱུན་གང་ལྕོགས་དང་། དམིགས་བསལ་ཚེས་བཟང་དུས་བཟང་དང་། བླ་མ་དང་དགེ་འདུན། སྐུ་གསུང་ཐུགས་རྟེན་མཇལ་ཞུ་སྐབས་དང་། ལྷག་པར་སྔ་ཐོག་མལ་ནས་ལངས་འཕྲལ་ཀུན་སློང་བཅོས་ཏེ་དེ་བཞིན་ཆོས་མཐུན་གྱི་བྱ་བ་ལམ་འགྲོ་ཡོང་བའི་གསོལ་འདེབས་དང་འབྲེལ་བའི་ཕྱག་དང་། དགོང་མོ་ཉལ་ཁར་ལེགས་བྱས་རིགས་བསྔོ་སྨོན་དང་ཉེས་བྱས་རིགས་བཤགས་སྡོམ་དང་འབྲེལ་བའི་ཕྱག་འཚལ་དགོས། གང་གིས་ན་སྐྱབས་ཡུལ་རྣམས་ལ་དོན་གལ་ཆེ་བ་སྐྱབས་འཇུག་ཞུ་བའི་དོན་དུ་ཕྱག་འཚལ་དགོས་པར་སེམས། དྲི་བ། ཕྱག་འཚལ་ན་ཕན་ཡོན་གང་ཡོད་ལགས། ལན། ཕྱག་འཚལ་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་གསུངས་འདུག། གནད་བསྡུས་ཤིག་ནི་གོང་དུ་ཞུས་ཟིན། རྒྱས་པར་ཤེས་འདོད་ན་གསུང་རབ་རྣམས་སུ་གཟིགས་དགོས། མདོར་ན་སྐྱབས་ཡུལ་མ་དད་པ་དང་མ་གུས་པ་བྱས་པ་སོགས་ཀྱི་སྡིག་སྒྲིབ་དག་པ་དང་། དད་ཅིང་གུས་པས་བསོད་ནམས་རླབས་ཆེན་བསགས། དེ་ལྟར་བྱུང་ན། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། ཅེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཇི་བཞིན་འགྲུབ། ཕྱག་གྲངས་གསོག་བྱེད་ན་ཚོགས་བསགས་སྒྲིབ་སྦྱང་རླབས་ཆེ་ཆོག་ཞོར་དུ་བད་ཀན་གྱི་ནད་རིགས་སོགས་སེལ་ཏེ་ལུས་ཀྱང་བདེ་ཐང་ཡོང་བ་དང་། ལྷག་པར་ཕྱག་འཚལ་བ་དེ་ཉོན་མོངས་པ་ང་རྒྱལ་གྱི་གཉེན་པོ་བྱེད། ང་རྒྱལ་ཟེར་བ་དེ་རང་དང་འབྲེལ་བའི་ཁྱད་ཆོས་ཤིག་ལ་རང་གི་བསམ་ངོར་ཁྱད་འཕགས་ཤིག་ཏུ་སྣང་ཞིང་། དེས་སེམས་ཁེངས་ཏེ་ཡོན་ཏན་གཞན་སྐྱེ་ཞིང་འཕེལ་བ་ལ་གེགས་བྱེད་པའི་སེམས་ཀྱི་ཁྱད་པར་ཞིག་ལ་ཟེར། དཔེར་ན་ཟས་ངན་གྱིས་ཁོག་པ་སྦོས་དུས་ཁ་ཟས་ལེགས་པ་གཞན་འགྲོ་ས་མེད་པ་ལྟར། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ། ཅེས་གསུངས་པའང་དེ་ལྟར་དུ་གོ ། ང་རྒྱལ་ཇེ་ཆུང་དུ་བཏང་ཐུབ་ན། ཡོན་ཏན་ཇེ་འཕེལ་དུ་འགྲོ་བར་ཕན། ཡོན་ཏན་ལེགས་པར་ལྡན་ན་རང་གཞན་གྱི་འདོད་དོན་སྒྲུབ་ནུས་པས་ཕྱག་གི་ཕན་ཡོན་དེ་ལྟར་དུ་སེམས།

Комментарии • 11